མདུན་ཤོག །

¡@ ¡@

མཛད་རིམ་དང་གསར་འགྱུར།

¡@ ¡@

¡@

¡@

                 

 ༧སྐྱབས་རྗེ་གཽ་ཤྲཱི་རྒྱལ་ཚབ་རིན་པོ་ཆེས་སྩལ་བའི་ཤིས་བརྗོད།

¡@

  ༄༅ །བསྐལ་བཟང་སངས་རྒྱས་དྲུག་པ་ཆོས་རྗེ་དུས་གསུམ་མཁྱེན་པའི་

དགུ་བརྒྱའི་དུས་དྲན་ལ་ཆེད་དུ་བརྗོད་པ་མངོན་པར་

དགའ་བའི་སྒྲ་དབྱངས་ཞེས་བྱ་བ་

བཞུགས་སོ།

¡@

¡@

ཨོཾ་སྭསྟི་བི་ཛཱ་ཡནྟུ།

སྣ་ཚོགས་འོད་དང་གྲགས་སྙན་འབྱུང་བའི་གནས།

རིན་ཆེན་འཛིན་མ་ཟླུམ་པོར་འཁྱིལ་བ་ན།

ཤཱཀྱའི་གཙོ་དང་སྤྱན་རས་གཟིགས་དབང་སོགས།

བདེ་གཤེགས་རྒྱལ་བ་སྲས་དང་བཅས་རྣམས་ཀྱི།

¡@

ཐུགས་རྗེ་ཚད་མེད་མཁྱེན་པ་ལྷུན་གྲུབ་པའི།

ཕྲིན་ལས་བདག་ཉིད་མི་བསྐྱོད་རང་བཞིན་གྱི།

མཐོན་ཀའི་འོད་ཕྲེང་འཕྲོ་བའི་ཅོད་པན་ཅན།

དུས་གསུམ་ཆོས་ཀྱི་རྣམ་པ་ཀུན་མཁྱེན་པ།

¡@

ཀརྨ་ཀ་ཞེས་མཚན་མཆོག་ཡི་གེའི་སྤྲིན།

ཞིང་ཁམས་རྒྱ་མཚོའི་ཀློང་ན་གསལ་དེ་ཡི།

ངོ་མཚར་མཛད་པ་མི་ཟད་སྲིད་པའི་མཐར།

རིགས་དྲུག་འགྲོ་བའི་མགོན་དུ་སྣང་བ་ནི།

¡@

ལྷག་པའི་བསམ་པ་བྱང་ཆུབ་སེམས་ལྡན་གྱི།

བློ་གྲོས་རྣམ་པར་དཀར་བས་རྗེས་དྲན་པའི།

ཟླ་བའི་ཕུང་པོ་བརྒྱ་ཕྲག་དགུ་བརྩེགས་པ།

ཕུན་སུམ་ཚོགས་ལྡན་དུས་ཀྱི་བཀོད་པ་གང།

¡@

མཆོག་གི་སྤྲུལ་པའི་ཉིན་བྱེད་བཅུ་བདུན་པས།

འཇིག་རྟེན་དག་པའི་ངང་ཚུལ་རྒྱས་པའི་ཕྱིར།

མ་ག་དྷ་ཡི་བྱང་ཆུབ་ཤིང་དབང་དྲུང་།

ངོ་མཚར་མཛད་པ་མཆོག་ཏུ་བསྟན་པ་འདིར།

¡@

         རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་རྣམས་དང་།

         དགྲ་བཅོམ་གནས་བརྟན་དམ་ཅན་རྒྱ་མཚོ་ཡིས།

         གསུང་དབྱངས་དྲི་བསུང་མདངས་ལྡན་མེ་ཏོག་ཆར།

         ནམ་མཁའི་མུ་ཁྱུད་གང་བས་ཤིས་མཛད་ཅིང་།

¡@

གཙང་གནས་ལྷ་དང་ཚངས་དབང་མིག་སྟོང་ཅན།

གནོད་སྦྱིན་དྲི་ཟ་གདེངས་ཅན་གཙོ་རྣམས་ཀྱིས།

གླུ་དབྱངས་རྣམ་མང་རོལ་མོས་མངོན་བསྟོད་ནས།

གུས་བཅས་དགའ་བས་བསྐྱོད་ཅིང་ཕྱག་བྱར་གྱུར།

¡@

       འདི་ལྟར་མཛད་པ་དགེ་བའི་ཚོགས་ཆེན་གྱིས།

       བྷཱ་ར་ཏ་ཡི་ས་གཞི་སྐྱོང་བ་ཡི།

       ལུགས་གཉིས་གཟི་བརྗིད་མཐོན་པོར་གདེངས་གྱུར་པས།

       ཕྱོགས་མཚམས་རྣམ་པར་གནོན་པའི་དབང་ཐོབ་ཅིང་།

¡@

གསེར་ལྡན་གླིང་ཆེན་དྲུག་ལ་ལོངས་སྤྱོད་པའི།

མཐོ་རིས་མཆོག་དང་ངན་འགྲོའི་གཟུགས་ཅན་གྱི།

ལུས་ཅན་ཇི་སྙེད་འདོད་པའི་ཡོན་ཏན་དང་།

ཞི་བའི་སེམས་དང་རྣམ་དྲུག་འབྱོར་པ་རྒྱས།

¡@

          རྣམ་བཅུའི་དགེ་བ་ཏིང་འཛིན་ཚད་མེད་བཞི།

          བསམ་གཏན་བདེ་ལ་ངལ་གསོས་རྟག་འཚོ་ཞིང་།

          ཕས་རྒོལ་ཟུག་རྔུས་གཙེས་པའི་སྐབས་མེད་པར།

          ཐར་པ་མཆོག་ལ་རིངས་པར་འཇུག་གྱུར་ཅིག

¡@

རྒྱལ་ཀུན་ཐུགས་རྗེའི་སྒྱུ་འཕྲུལ་སྣང་བའི་གར།

སྲིད་ཞིའི་དགེ་དང་བདེ་ལེགས་འབྱུང་བའི་གནས།

སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི།

གསང་གསུམ་རྒྱལ་བ་ཚེ་མཐའ་ཡས་པ་དང་།

¡@

           གཉིས་མེད་བསྐལ་པ་བྱེ་བ་རྒྱ་མཚོའི་བར།

           རབ་ཏུ་བརྟན་པས་བཞེད་དོན་ཀུན་གྲུབ་པ།

           ང་ལས་ནུ་བཞིན་ལྷ་མིའི་འཇིག་རྟེན་ཀུན།

           རྣམ་པར་གནོན་པའི་མཐུ་དབང་འཛིན་གྱུར་ཅིག

¡@

འཇིག་རྟེན་འདྲེན་པ་རྒྱལ་དབང་ཀརྨ་པའི།

ཕྲིན་ལས་འོད་བརྒྱས་ས་གསུམ་ཀུན་ཁྱབ་ཅིང་།

གདུལ་བྱའི་ཤེས་རབ་པདྨོའི་ཚོགས་རྒྱས་ཏེ།

རྣམ་ཀུན་བཟང་པོའི་འདོད་དོན་ཡོངས་གྲུབ་ཤོག

 

        དེ་སྐད་ཅེས་༧རྒྱལ་མཆོག་བཅུ་བདུན་པ་ཆེན་པོས་ཆོས་ཀྱི་རྗེ་དུས་གསུམ་མཁྱེན་པ་འཇིག་རྟེན་དུ་བྱོན་ནས་ཟླ་བའི་ཕུང་པོ་བརྒྱ་ཕྲག་དགུ་འདས་པའི་

        དུས་དྲན་དགའ་སྟོན་དང་བཅས་པ་རྒྱས་པར་མཛད་པའི་ཚེ་འཁོར་ལོའི་མགོན་པོ་མཆོག་གི་བཀའ་ལས་མི་འདའ་བའི་ཕྱིར་རྒྱལ་ཚབ་བཅུ་གཉིས་པས་

        ལེགས་པར་བརྩམས་པས་རྣམ་པ་ཀུན་ཏུ་དགེ་བའི་དགའ་སྟོན་རྒྱས་པར་གྱུར་ཅིག །། 2010/12/8 ཉིན།

¡@

¡@